ལུང་བསྟན་ཟམ་པ་ལུ་ གླ་འཁོར་མ་ཤོང་པའི་ གདོང་ལེན་སྦོམ་བྱུང་དོ་ཡོདཔ།

༉ ཐིམ་ཕུག་ལུང་བསྟན་ཟམ་པའི་ གླ་འཁོར་བཞག་སའི་ ས་ཁོངས་ནང་ གླ་འཁོར་ཚད་ཅིག་ལས་བརྒལ་ མ་ཤོང་མི་དེ་གིས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བལྟ་དགོཔ་འདུག་ཟེར་ཨིན་པས།

གླ་འཁོར་དེད་གཡོགཔ་ དངོས་གྲུབ་ཚེ་རིང་གིས་ བཤད་མི་དང་འཁྲིལཝ་ད་ ལུང་བསྟན་ཟམ་པའི་ གླ་འཁོར་བཞག་སའི་ ས་ཁོངས་ནང་ ཧེ་མ་གླ་འཁོར་༢༠༠ དེ་ཅིག་ཤོང་རུང་ ད་ལྟོ་གླ་འཁོར་༣༢ དེ་ཅིག་ལས་ མ་ཤོང་མི་དེ་གིས་ གླ་འཁོར་དེད་གཡོགཔ་ཚུ་ལུ་ སྟབས་མ་བདེཝ་སྦོམ་བྱུང་སྟེ་ ཡོད་ཟེར་ཨིན་པས།
དེ་མ་ཚད་ ཧེ་མ་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ ཐིག་བཀལ་ཏེ་ཡོད་མི་དེ་གིས་ གདོང་ཁ་དང་ རྒྱབ་ཁར་ ས་ཁོངས་སྟོངམ་སྦེ་ཡོདཔ་མ་ཚད་ མེ་ཏོག་བཙུགས་ནི་ཨིན་ཟེར་ བཞག་མི་དེ་གིས་ཡང་ ས་ཁོངས་དོག་དྲགས་བཟོ་བའི་ཁར་ ཚོང་ཁང་ཚུ་གི་སྦོ་ལོགས་ཁར་ སྒེར་གྱི་ སྣུམ་འཁོར་བཞག་ས་སྦེ་ བཟོ་མི་དེ་གིས་ཡང་ ཧེང་སྐལ་ར་ དོག་དྲགས་བཟོ་སྟེ་ཡོད་ཟེར་ཨིན་པས།
གླ་འཁོར་བཞག་སའི་ ས་ཁོངས་མེད་པའི་བསྒང་ལས་ ཧེ་མ་ འགྱོ་དགོ་མི་རེ་ཡོད་པ་ཅིན་ ས་ཁོངས་ནང་བཞག་མི་ གླ་འཁོར་གྱི་དེད་གཡོགཔ་དེ་ལུ་ ཏི་རུ་སྤྲོད་ཐོག་ལས་ ས་ཁོངས་ཉོ་མི་ཡང་ཡོདཔ་ལས་ མ་འོངས་པ་ལུ་ ཚོང་འབྲེལ་བཟུམ་ཅིག་ཡང་ འགྱོ་ནི་མས་ཟེར་ཨིན་པས།
ད་རེས་ནངས་པར་ གླ་འཁོར་ ཡར་སེང་འགྱོ་མི་དང་བསྟུན་ འཕྲལ་འཕྲལ་ར་ ས་ཁོངས་ཀྱི་དོན་ལུ་ འཐབ་འཛིང་འབད་དགོ་པའི་ གནས་སྟངས་ཡང་ བྱུང་དོ་ཡོདཔ་ལས་ སྟབས་མ་བདེཝ་འབྱུང་ནི་གི་ ཉེན་ཁ་ཚུ་ཡང་ མཐོངམ་མས་ཟེར་ཨིན་པས།
སྤ་རོ་གླ་འཁོར་ཚོགས་པ་ རྣམ་རྒྱལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གླ་འཁོར་བཏང་མི་ཚུ་ ས་ཁོངས་མ་ཐོབ་ཚུན་ཚོད་ སྐོར་ར་རྐྱབ་སྟེ་ར་ སྡོད་དགོཔ་ད་ དེ་གིས་ མར་ཁུ་ལེ་ཤ་རྫོགས་པའི་ དཀའ་ངལ་ཐོན་དོ་ཡོདཔ་མ་ཚད་ གླ་འཁོར་བཏང་མི་ ནང་དོག་ལུ་ གླ་འཁོར་བཞག་སའི་སྐོར་ལས་ མ་འགྲིག་པའི་ དཀའ་ངལ་ཡང་ བྱུངམ་མས་ཟེར་ཨིན་པས།
ལུང་བསྟན་ཟམ་པའི་ ས་ཁོངས་དེ་ནང་ རྫོང་ཁག་གཞན་ཚུ་ནང་ལས་ཡང་ གླ་འཁོར་ཚུ་ འོང་དོ་ཡོདཔ་ཨིན་རུང་ མང་ཆེ་ཤོས་ཅིག་ སྤ་རོ་དང་ སྤུ་ན་ཁ་ དབང་འདུས་ རྩི་རང་ དེ་ལས་ ཕུན་ཚོགས་གླིང་ལས་ འོང་དོ་ཡོདཔ་ཨིན་པས།
གླ་འཁོར་གྱི་ དེད་གཡོགཔ་ཚུ་གིས་འབད་བ་ཅིན་ ཉིནམ་རེ་ནང་ རྫོང་ཁག་གཞན་ཁ་ལས་ གླ་འཁོར་༢༠༠ ལྷགཔ་རེ་འོངམ་ད་ ས་ཁོངས་ཀྱི་ སྟབས་མ་བདེ་བའི་ དཀའ་ངལ་ཅིག་སྦེ་ མཐོངམ་མས་ཟེར་ཨིན་པས།
ཉིན་མའི་དུས་ཚོད་ལུ་ སྒེར་གྱི་སྣུམ་འཁོར་བཞག་སའི་ ས་ཁོངས་སྦེ་ ངོས་འཛིན་འབད་ཡོད་མི་དང་ རྫོང་ཁག་གཞན་ཚུ་ནང་འགྱོ་མི་ གླ་འཁོར་ཚུ་ བཞག་ཆོགཔ་སྦེ་བཟོ་བ་ཅིན་ དེ་གིས་ཡང་ སྟབས་མ་བདེཝ་ཚུ་ སེལ་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
གླ་འཁོར་བཏང་མི་ཚུ་གིས་ ས་ཁོངས་གཞན་ནང་ དུས་ཡུན་ཐུང་ཀུ་ཅིག་གི་དོན་ལུ་ སྣུམ་འཁོར་བཀག་བཞག་པ་ཅིན་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ དེ་འཕྲོ་ལས་ ཉེས་བྱ་བཀལ་མི་ལུ་བརྟེན་ ཁོང་ལུ་ བརྡབ་གསིག་བཟུམ་སྦེ་ཡང་ ཚོརཝ་མས་ཟེར་ཨིན་པས།
ཨིན་རུང་ ཁྲོམ་སྡེའི་བཀོད་ཁྱབ་དྲུང་ཆེན་ པ་སངས་རྡོ་རྗེ་གིས་འབད་བ་ཅིན་ གླ་འཁོར་བཞག་སའི་ ས་ཁོངས་ཀྱི་ ཉེ་འདབས་ལུ་ གནས་ཡོད་དེ་འབད་རུང་ དེད་གཡོགཔ་ཚུ་གིས་ ཆུ་ག་ལྷོད་སར་བཏང་སྟེ་ ཁམས་ལོག་སི་སི་སྦེ་བཞག་པའི་ཁར་ ཏམ་ཁུ་འཐུང་དོ་ཡོདཔ་ལས་ ས་གནས་ནང་ མེ་ཏོག་བཙུགས་དགོ་མི་དེ་ཡང་ དེ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ས་གནས་ནང་ ཆུ་མ་བཏང་པར་ ཧིང་སངས་ས་སྦེ་ བཞག་གནང་ཟེར་མི་ བརྡ་བྱང་སྦྱར་ཏེ་འབད་རུང་ གནས་མ་བཏུབ་ཟེར་ཨིན་པས།
སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ འགོ་དཔོན་གྱིས་ བཤད་མི་དང་འཁྲིལཝ་ད་ སྣུམ་འཁོར་བཞག་སའི་ས་ཁོངས་ གོ་ཡངས་ཏོག་ཏོ་དང་ དེད་གཡོགཔ་དང་ མི་སེར་ཚུ་ ཉེན་སྲུང་དང་ལྡན་ཏོག་ཏོ་ཅིག་ཡོད་པ་ཅིན་ ཁོང་ལུ་ཡང་ སྟབས་བདེ་ནི་མས་ཟེར་ཨིན་པས།
སྣུམ་འཁོར་བཞག་སའི་ ས་ཁོངས་ནང་ ཐིག་བཟོ་དགོ་མི་དེ་ སྣུམ་འཁོར་དང་ དེད་གཡོགཔ་ དེ་ལས་ མི་ཚུ་གི་ ཉེན་སྲུང་ལུ་དམིགས་ཏེ་ རྒྱབ་ཁར་ལས་ སྣུམ་འཁོར་ཚུ་ གོ་ཡངས་ཏོག་ཏོ་དང་ བདེ་ཏོག་ཏོ་སྦེ་ འགྱོ་ཚུགས་ནིའི་དོན་ལུ་ བཟོ་བཟོཝ་ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ དེད་གཡོགཔ་ཚུ་གིས་འབད་རུང་ ཁོང་རའི་ ཁེ་ཕན་དང་ ཁེ་སང་རྐྱངམ་གཅིག་ལུ་ བལྟ་ནི་མེན་པར་ མི་སེར་ཡོངས་ཀྱི་ ཁེ་ཕན་ལུ་ བལྟ་དགོཔ་ཁག་ཆེ་ཟེར་ ཨིན་པའི་གནས་ཚུལ།

Leave a Reply