ངང་ལམ་བཙན་ཀ་རི་ལུ་ མེ་རྐྱེན་གྱིས་ སྦ་སྒོར་༡༤ རྩ་བ་ལས་ར་ འཚིགས་བཏང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་ ཕྱེད་དང་༣ དེ་ཅིག་ཁར་ པདྨ་དགའ་ཚལ་ ངང་ལམ་བཙན་ཀ་རི་ལུ་ མེ་རྐྱེན་བྱུང་མི་དེ་གིས་ བཟའ་ཚང་༡༩ སྡོད་མི་ གནས་སྐབས་ཀྱི་སྡོད་ཁྱིམ་ སྦ་སྒོར་༡༤ རྩ་བ་ལས་ར་ འཚིགས་ཡོདཔ་ཨིན་པས།

མེ་རྐྱེན་གྱིས་ སྦ་སྒོར་༡༤ འཚིགས་ཡོད་མིའི་གྲས་ལས་ ཚོང་ཁང་༩ དང་ སྡོད་ཁྱིམ་༥ འཚིགས་ཡོདཔ་མ་ཚད་ སྣུམ་འཁོར་བོ་ལེ་རོ་༡ དང་ ཨཱལ་ཊོ་ཀར་༡ ཡང་ འཚིགས་ཡོདཔ་བཞིན་དུ་ མིའི་ཚེ་སྲོག་ལུ་ རྐྱེན་ངན་ག་ནི་ཡང་ མ་བྱུང་རུང་ ཨ་ལོ་ཅིག་དང་ མི་ཅིག་ལུ་ གནོད་སྐྱོན་དུམ་གྲ་རེ་ བྱུང་ཡོདཔ་ཨིན་པས།
མེ་རྐྱེན་དེ་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ ཤོར་ཡོདཔ་ཨིན་ན་ ཤེས་རྟོགས་མེདཔ་ཨིན་རུང་ དྲོ་པའི་ཆུ་ཚོད་ ཕྱེད་དང་༣ དེ་ཅིག་ཁར་ གློག་རྒྱུན་རེག་མི་ལུ་བརྟེན་ བྱུང་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།
བསྟན་སྲུང་དམག་སྡེ་དང་ ཁྲིམས་སྲུང་འགག་སྡེ་ གདུང་བསམ་རྩི་ས་ལས་འཛིན་ ཚོང་པ་ ས་གནས་ཀྱི་མི་སེར་ དེ་ལས་ བདེ་སྲུངཔ་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ དྲོ་པའི་ཆུ་ཚོད་༤ དེ་ཅིག་ཁར་ མེ་བསད་ཚུགས་ཡོདཔ་ལས་ སྦ་སྒོར་༥ ཉེན་སྲུང་འབད་ཚུགས་ཡོདཔ་ཨིན་པས།
རྐྱེན་ངན་དེ་ནང་ རྒྱུ་དངོས་ཚུ་ག་ར་ འཚིགས་ཡོད་མི་ལུ་བརྟེན་ བཟའ་ཚང་༡༩ གི་ སློབ་ཕྲུག་༡༥ སློབ་གྲྭ་ནང་ འགྱོ་མ་ཚུགསཔ་ཨིན་པས།
ངང་ལམ་དྲུང་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་ཕྲུག་ཚུ་ ད་རིས་ ལོག་སློབ་གྲྭ་ནང་ འགྱོ་འོང་ཟེར་ཨིནམ་ད་ ཁོང་ཆ་ཁྱབ་ ངང་ལམ་སློབ་གྲྭ་ལྟེ་བའི་ནང་ ལྟོ་ཐོབ་སློབ་ཕྲུག་གི་གྲངས་སུ་ བཙུགས་ནི་ཟེར་ ཨིནམ་བཞིན་དུ་ སྒྲིག་གོ་དང་ དགོས་མཁོ་ཆེ་བའི་ཅ་ཆས་གཞན་ཚུ་ དྲུང་ཁག་གིས་ མཁོ་སྒྲུབ་འབད་དེ་ བྱིན་ནི་ཟེར་ཨིན་པས།
དྲུང་ཁག་བདག་སྐྱོང་གིས་ ཉམས་རྒུད་བྱུང་མི་ཚུ་གི་དོན་ལུ་ མེ་རྐྱེན་བྱུང་སའི་ ས་ཁོངས་ཀྱི་ ཉེ་འདབས་ལུ་ ལྕགས་ཤོག་དང་ ཆུ་ཐུབ་རས་ཆས་ ཏིར་པཱལ་ལག་ལེན་འཐབ་ཐོག་ལས་ གནས་སྐབས་ཀྱི་ སྡོད་ཁྱིམ་ཚུ་ བཟོ་བྱིན་ཡོདཔ་མ་ཚད་ བཞེས་སྒོ་ཚུ་ཡང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ དྲུང་ཁག་རྐྱེན་ངན་འཛིན་སྐྱོང་ཡིག་ཚང་གིས་ ཉམས་རྒུདཔ་ག་ར་ལུ་ གནས་སྐབས་ཀྱི་ དགོས་མཁོ་ཆེ་བའི་ གློ་བུར་གྱི་ ཅ་ཆས་ཚུ་ཡང་ མཁོ་སྤྲོད་འབད་ཡོདཔ་ཨིན་པས།
གནད་དོན་དེ་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ ཨིན་པའི་གནས་ཚུལ།

Leave a Reply