ཁོ་ཐག་ཁ་གཡུས་ཚན་ནང་ བྱིན་བརླབས་ཅན་གྱི་ལྷ་ཁང་དང་དགོན་སྡེ་ལེ་ཤ་ཡོདཔ།

༉ དབང་འདུས་རྫོང་ཁག་འོག་གི་ བྱེད་ན་རྒེད་འོག་ཁོ་ཐང་ཁ་གཡུས་ཚན་དེ་ ཧེ་མ་ལས་ བླམ་སྦོམ་ཚུ་གིས་ བྱིན་གྱིས་བརླབས་གནང་པའི་ གཡུས་ཚན་ཅིག་ཨིན་མ་ཚད་ གཡུས་ཚན་དེ་ནང་ བྱིན་བརླབས་ཅན་གྱི་མཆོད་རྟེན་དང་ལྷ་ཁང་ཡང་ ལེ་ཤ་ར་བཞེངས་ཏེ་ཡོདཔ་ཨིན་པས།

བྱིན་བརླབས་ཅན་གྱི་ལྷ་ཁང་ཚུའི་གྲས་ལས་ དོ་ལུང་དགོན་པ་ཟེར་མི་འདི་ཨིནམ་ད་ དགོན་པ་དེ་ དང་ཕུ་ལས་ར་བཞེངས་དེ་ཡོད་པའི་ལྷ་ཁང་རྙིངམ་ཤོས་ཅིག་ཨིན་པའི་ཁར་ བྱིན་རླབས་ཅན་ཅིག་ཡང་ཨིན་པས།

དོ་ལུང་དགོན་པའི་བླམ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དགོན་པའི་སྐོར་ལས་འབྲི་ཡོད་མི་ རྣམ་ཐར་དང་འཁྲིལཝ་ད་ ལྷ་ཁང་དེ་ དུ་རབས་༡༧ པའི་ནང་ བཞེངས་པའི་ལོ་རྒྱུ་འདུག་ཟེར་ཨིནམ་ད་ ལྷ་ཁང་དེ་ཡང་ རྗེ་མཁན་ཁྲི་རབས་༢ པ་ མཁྱེན་ཆེན་བསོད་ནམས་འོད་ཟེར་གྱིས་ གཞི་བཅགས་གནང་ནུག་ཟེར་ཨིན་པས།

ལྷ་ཁང་དེ་ཡང་ ཀྲོང་གསར་དང་ལྷུན་རྩེ་རྫོང་བཅགས་གནང་མི་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཡབ་ ཡོངས་འཛིན་ངག་རྒྱལ་དབང་ཕྱུག་གི་གདན་ས་ཨིན་པའི་ཁར་ དགོན་པ་དེ་ ད་རེས་ དབང་འདུས་གྲྭ་ཚང་གིས་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།

དགོན་པ་དེ་ནང་གི་ ལྷ་སྲུང་དང་ཆོས་སྲུང་ཚུ་ཡང་ གྲྭ་ཚང་གཞན་ཚུ་ནང་ཡོད་མི་དང་ ཅོག་ར་འཐདཔ་ཡོད་པའི་ཁར་ དགོན་པ་དེ་ ཐོག་ཚད་༢ སྦེ་ གཞུང་ས་ནང་ བཞེངས་ཏེ་ཡོདཔ་ཨིན་པས།

ས་ཆ་ཨེ་ཀར་༡ ནང་བཞེངས་མི་དགོན་པ་དེ་ ཁོ་ཐག་ཁ་ལས་རྐང་སྟོང་སྦེ་འགྱོཝ་ད་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ འགོར་དོ་ཡོདཔ་ད་ སྣུམ་འཁོར་ནང་འགྱོ་བ་ཅིན་ སྐར་མ་༡༥ དེ་ཅིག་ནང་ ལྷོད་ཚུགསཔ་ཨིན་པས།

ཁོ་ཐག་ཁ་ལས་ལྷ་ཁང་ཚུན་ འཁོར་ལམ་ཡོད་རུང་ རྩི་ནག་མ་བཏང་པར་ཡོདཔ་ལས་ གནམ་བྱཱར་ཆརཔ་རྐྱབ་ད་ སྣུམ་འཁོར་ཚུ་འགྱོ་མི་ཚུགས་དོ་ཡོདཔ་ལས་ མང་ཤོས་ཀྱིས་ རྐང་སྟོང་སྦེ་ར་ འགྱོ་དགོཔ་ཐོན་དོ་ཡོདཔ་ད་ དགོན་པ་དེ་ནང་ ཆོས་ལྷབ་མི་དགེ་སློང་༤༥ དེ་ཅིག་ ཡོདཔ་ཨིན་པས།

དགོན་པའི་བླམ་གྱིས་སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུ་ཚུ་གནམ་དགུན་ཟླཝ་༡༢ པའི་ནང་ གཡུས་ཁར་ལས་ཕར་ ཆོ་གུ་བཏང་ནི་དང་ རིན་གྲོའི་རིགས་ཚུ་འབད་དེ་ འགྲོ་དོན་འབད་ནིའི་དོན་ལུ་ ངལ་གསོ་བཞག་ནི་ཡོད་ཟེར་ཨིན་པས།

དགོན་པ་དེ་བཞེངས་དེ་ དུས་ཅི་འབདཝ་ལས་ མི་ལོ་༣༦༠ དེ་ཅི་སོང་ཡོདཔ་ད་ སྤྱི་ལོ་༢༠༡༣ ལུ་ ཉམས་བཅོས་འབད་བའི་སྐབས་ གཞུང་གིས་ ཟད་འགྲོ་བརྒྱ་ཆ་༤༠ གནང་ཡོདཔ་ད་ ལྷག་ལུས་བརྒྱ་ཆ་༦༠ དེ་ དད་ཅན་ཚུ་ལས་ ཞལ་འདེབས་སྦེ་ བསྡུ་ཡོདཔ་ཨིན་པས།

ལྷ་ཁང་གི་སྐུ་རྟེན་ཚུ་ཡང་ ཧེ་མ་ལས་ཡོད་མི་ཚུ་ ཉམས་བཅོས་འབད་དེ་བཞག་ཡོདཔ་ད་ ལྷ་ཁང་གི་དོན་ལུ་ རྒེད་འོག་གི་མི་སེར་ཚུ་གིས་མ་ཚད་པར་ རྫོང་ཁག་གཞན་གྱི་མི་ཚུ་གིས་ཡང་ ཆུམ་དང་ཏི་རུའི་ཐོག་ལས་ ཞལ་འདེབས་འབད་མི་ཐོན་དོ་ཡོདཔ་ཨིན་པས།

འབྲུག་ཟླ་༦ པའི་གནམ་སྒང་དང་༧ པའི་ཚེས་༡ ལུ་ ལོ་བསྟར་བཞིན་དུ་ ལྷ་ཁང་དེ་ནང་ ཆོས་བཅུ་འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་སྐབས་ འཆར་ཚུ་ཡང་ དེ་ནང་ཆོས་ལྷབ་མི་ དགེ་སློང་ཚུ་གིས་ རྐྱབ་དོ་ཡོད་པའི་གནས་ཚུལ།

 

Leave a Reply